སྐུ་ཞབས་འཇིན་སི་མི་ཐི།

ངོ་སྤྲོད།

སྐུ་ཞབས་འཇིན་སི་མི་ཐི་ནི་ཕྱི་ལོ་༡༩༣༦ ལོར་ཨ་རི་Ogden ས་གནས་སུ་འཁྲུངས། ཁོང་གིས་ཨ་ཌལ་ཧྥི་མཐོ་སློབ། (Adelphi College) ཧོ་བྷར་ཊ་མཐོ་སློབ། (Hobart College) ཡུ་ཁྲ་གཙུག་ལག་སློབ་ཆེན། (University of Utah) སེས་ཡ་ཊལ་ས་གནས་སུ་ཡོད་པའི་ལྦ་ཤིང་ཊོན་གཙུག་ལག་སློབ་ཆེན་(University of Washington in Seattle)སོགས་ཨ་རིའི་གཙུག་ལག་སློབ་གླིང་དུ་མ་ཞིག་གི་ནང་སློབ་སྦྱོང་གནང་ཡོད།  

རོ་ཁི་ཧྥེ་ལར་ཐེབས་རྩ་ཁང་ (Rockefeller Foundation) གིས་འཛམ་གླིང་ན་གྲགས་ཆེ་བའི་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་གྱི་ལྟེ་གནས་ཁང་དགུ་འཛུགས་བསྐྲུན་གྱིས་མ་རྩ་བཏང་ཡོད་པ་ལས་གཅིག་ནི། ལྦ་ཤིང་ཊོན་གཙུག་ལག་སློབ་ཆེན་ཡིན་པ་ལྟར།  ༡༩༥༩ ལོར་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་གཟིགས་ཏེ། རོ་ཁི་ཧྥེ་ལར་ཐེབས་རྩ་ཁང་གིས་ཤར་གླིང་དང་ཪ་ཤི་ཡའི་སློབ་གྲྭ་བཅས་ལ་མ་དངུལ་རོགས་སྐྱོར་གྱི་མཐུན་རྐྱེན་འོག་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཡོངས་འཛིན། སྡེ་གཞུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མ་སོགས་བོད་མི་དགུ་སློབ་ཁྲིད་དང་ཞིབ་འཇུག་གནང་ཆེད་སེས་ཡ་ཊལ་ལ་གདན་འདྲེན་ཞུས། ཕྱི་ལོ་1960 ནས་ 1964 བར་སྐུ་ཞབས་སི་མི་ཐི་མཆོག་ལ་སེས་ཡ་ཊལ་ས་གནས་སུ་སྡེ་གཞུང་རིན་པོ་ཆེ་དང་བོད་མི་གཞན་རྣམས་ཀྱི་མདུན་ནས་བོད་ཀྱི་རིག་གནས་དང་དེ་བཞིན་ནང་ཆོས་སློབ་སྦྱོང་གི་སྐལ་བཟང་གོ་སྐབས་ཐོབ་པ་དང་། ལོ་ངོ་ལྔའི་རིང་ས་སྐྱ་རིན་པོ་ཆེའི་ནང་མི་དང་ལྷན་དུ་བཞུགས།

དྲ་སྣང་གི་ཆོས་ཞེས་པའི་གློག་བརྙན་ནས་བླངས།

ཕྱི་ལོ་༡༩༦༢ ལོའི་དབྱར། ཁོང་ཡོ་རོབ་ཁུལ་ལ་བཞུགས་ཡོད་པའི་བོད་ཀྱི་མཁས་པ་རྣམས་ལ་མཇལ་ཕྱིར། ཡོ་རོབ་ན་ཡོད་པའི་རོ་ཁི་ཧྥེ་ལར་ཐེབས་རྩ་ཁང་གཞན་ཁག་ལ་ཡང་ཕེབས། ༡༩༦༤ ལོར་ཁོང་གི་འབུམ་རམས་པའི་སློབ་སྦྱོང་མཐར་ཕྱིན་ཡིག་ཚད་ངེས་གཏན་བཟོས་ཏེ། ཚད་མཐོ་བའི་ལེགས་སྦྱར་དང་པཱ་ལི་སློབ་སྦྱོང་གནང་ཕྱིར་ལེ་ཌན་ལ་ཕེབས། ༡༩༦༥ ལོར་ Foreign Area Fellowship Program ཞེས་པའི་ལས་གཞིའི་འོག་ཧྥོར་ཌི་ཐེབས་རྩ་ཁང་གིས་སློབ་ཡོན་རོགས་དངུལ་ཐོབ་སྟེ། བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་བཅས་ལ་སློབ་སྦྱོང་གནང་ཆེད་རྒྱ་གར་ལ་ཕེབས།

"སྐྱབས་བཅོལ་བོད་མིའི་ཁྲོད་ཡོད་པའི་བོད་དང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་དཔེ་ཆ་ཁག་བསྐྱར་དུ་པར་སྐྲུན་བྱེད་རྒྱུའི་ལས་གཞི་འདི། ཁོང་གིས་འགོ་བརྩམས་གནང་བ་ནས་ད་ལྟ་བར་མི་ལོ་ཧྲིལ་བོ་ཉི་ཤུ་རྩ་ལྔར་གནས་ཐུབ་ཡོད།"

ཁོང་གིས་དགའ་ལྡན་བྱང་རྩེ་དགེ་བཤེས་བློ་བཟང་ལུང་རྟོགས་དང་། འབྲུག་པ་ཐུགས་སྲས་རིན་པོ་ཆེ། Drukpa Thoosay Rinpoche) མཁན་པོ་ནོར་དབྱངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་སྐྱེས་ཆེན་མང་དག་གི་མདུན་ནས་སློབ་སྦྱོང་གནང་མགོ་བརྩམས། ཁོང་གིས་བོད་ཀྱི་རིག་གནས་དང་ནང་ཆོས་མཐར་ཕྱིན་པ་ཞིག་སྦྱང་ཕྱིར་རྒྱ་གར་ལ་མུ་མཐུད་ནས་བཞུགས་རྒྱུའི་ཐག་གཅོད་གནང་། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ལ་འགྲུལ་བཞུད་ཡང་ཡང་གནང་། ༡༩༦༨ ལོར་ཁོང་ལྡི་ལིར་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་Library of Congress New Delhi Field Office ནང་དུ་ཞུགས། དེ་ནས་ཁོང་གིས་ལོ་ངོ་༢༥ ཙམ་གྱི་རིང་བོད་མི་སྐྱབས་བཅོལ་པ་རྣམས་དང་། འབྲས་ལྗོངས། འབྲུག རྒྱ་གར། བལ་ཡུལ་བཅས་ལ་བཞུགས་མཁན་རྣམས་ཀྱིས་བོད་ནས་གདན་དྲངས་པའི་དཔེ་ཆ་རྣམས་བསྐྱར་དུ་པར་བསྐྲུན་བྱེད་རྒྱུའི་ལས་གཞི་ཞིག་འགོ་བཙུགས།

༡༩༨༠ ལོར་ཁོང་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་གྲོས་ཚོགས་དཔེ་མཛོད་ཁང་དེའི་འགན་འཛིན་དུ་བསྐོས་ཤིང་། ཕྱི་ལོ་༡༩༨༥ བར་ཕྱག་ལས་གནང་། ལོ་དེ་གའི་ནང་ཁོང་ཨིན་ཌོ་ནི་ཤི་ཡའི་ནང་དུ་གནས་སྤོས་ཏེ། ཇ་གྷར་ཐ་ནས་ལྷོ་ཤར་ཨེ་ཤ་ཡའི་ལས་གཞི་གཟིགས་རྟོགས་གནང་སྟེ། ༡༩༩༤ ལོ་བར་བཞུགས། ལོ་དེར་ཀ་ཡི་རོ་ནང་དུ་རྟེན་གཞི་བྱས་པའི་དཀྱིལ་ཤར་ཡུལ་གྲུའི་ལས་ཁང་ (LC Middle Eastern Office in Cairo) ཞེས་པར་ལས་གནས་སྤོས།

༡༩༩༧ ལོའི་ཟླ་༢ པའི་ནང་ཁོང་ཨ་རིའི་ཀོང་རེ་སི་ཚོགས་པའི་དཔེ་མཛོད་ནས་བགྲེས་ཡོལ་ཞུས་ཏེ། ཊེར་སི་ཐེབས་རྩ་ཁང་ (Trace Foundation) གི་ཨེ་ཤ་ཡ་ནང་མ་དང་ཧི་མ་ལ་ཡའི་ལྟེ་གནས་ Himalayan and Inner Asian Resources (HIAR)ཞེས་པ་གསར་འཛུགས་གནང་བ་དེའི་སློབ་སྟོན་པ་གནང་།

༡༩༩༩ ལོའི་ཟླ་༡༢ ནང་ཁོང་དང་ཁོང་གི་གྲོགས་པོ་འགས་ཁམ་བྷི་རི་ཇ་ས་གནས་སུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་འཛུགས་བསྐྱངས།

༢༠༡༠ ལོའི་ཟླ་༡༢ པའི་ཚེས་༡༦ ཉིན་སྐུ་་ཚེའི་འཕེན་པ་རྫོགས།