བལ་ཡུལ་ཀྱི་ནང་བསྟན་ཕྱག་དཔེ་ལེགས་སྦྱར་ནང་བྲིས་པ་ཁག་བཤེར་འབེབས་བྱེད་རྒྱུའི་ལས་གཞི།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ནང་བསྟན་གསུང་རབ་ཉར་ཚགས་དང་སྲུང་སྐྱོབ་ཀྱི་གོ་སྐབས་གསར་པ་རེ་རྙེད་ཐབས་སུ་འབད་པ་བྱེད་བཞིན་ཡོད་པ་ལྟར། ད་ཐེངས་བལ་ཡུལ་དུ་ལེགས་སྦྱར་ནང་བྲིས་པའི་ནང་བསྟན་གསུང་བཤེར་འབེབས་བྱ་རྒྱུའི་ལས་གཞི་གསར་པ་ཞིག་འགོ་བརྩམས་ཡོད།

ལས་གཞི་འདི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་རུ་ཡོད་པའི་བེདསུཁྲི་དང་ན་གར་ཛུ་ན་(West and the Nagarjuna Institute)ཞེས་པའི་སློབ་ཆེན་དང་མཉམ་འབྲེལ་གྱིས་སྒྲུབ་པ་དང་། འདིའི་ནང་ལེགས་སྦྱར་གྱི་སྐད་ནང་དུ་ཡོད་པའི་བལ་ཡུལ་ནང་བསྟན་གསུང་རབ་ཁག་བཤེར་འབེབས་བྱེད་རྒྱུ་ཡིན།

  1. མདོ་སྡེ།
  2. རྟོགས་བརྗོད།
  3. བསྟོད་ཚོགས་སམ་བསྟོད་པ།
  4. ཆོ་ག་ཕྱག་ལེན།
  5. སྒྲུབ་ཐབས།
  6. ཉམས་མགུར།
  7. གནས་བཤད་དང་སྒྲུང་།
  8. སྟོན་པའི་སྐྱེས་རབས།
  9. རྒྱུད་སྡེ།
  10. བསྟན་བཅོས་དང་འགྲེལ་བ།

ལས་གཞི་འདི་ཡང་ངེད་ཚོགས་པས་སྒྲུབ་བཞིན་པའི་འཇིག་སླའི་ཏ་ལའི་ལོ་མའི་ལས་གཞི་དང་འདྲ་བར་དཔེ་ཆ་བཞི་བརྒྱ་ལྷག་ཙམ་ཨང་བསྒྱུར་བྱེད་རྒྱུ། ཀ་ཐ་མན་ཀྲུ་རུ་བཤེར་འབེབས་བྱེད་ས་བཙུགས་ནས་ས་གནས་ས་ཐོག་རང་དུ་བཤེར་འབེབས་བྱེད་རྒྱུ་དང་། བཤེར་འབེབས་བྱས་ཟིན་པ་ཁག་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཉར་ཚགས་མཛོད་ནང་དུ་འཇོག་རྒྱུ། དེ་ནས་རིམ་བཞིན་བཤེར་པར་ཁག་སྒྲིག་སྦྱོར་བྱས་རྗེས་ངེད་ཚོགས་པའི་དྲ་ཐོག་དཔེ་མཛོད་ནང་འགྲེམས་སྤེལ་བྱེད་རྒྱུ་ཡིན།

ལས་ཀའི་བརྒྱུད་རིམ་འདིའི་ནང་ས་གནས་རང་དུ་བཤེར་འབེབས་བྱས་རྗེས། ཉར་ཚགས་དང་དཀར་ཆག་སྒྲིག་སྦྱོར་སོགས་དྲ་རྒྱ་བརྒྱུད་ནས་བྱེད་བཞིན་ཡོད་པས། ལས་ཀ་ཚགས་ཚུད་དང་འགྲོ་སོང་གྲོན་ཆུང་ཡང་བྱེད་ཐུབ་པ་མ་ཟད། ས་གནས་ས་ཐོག་གི་མཁས་པ་དང་ཆེད་ལས་པ་སོགས་ཀྱི་སློབ་སྟོན་དང་རོགས་རམ་ཐོབ་ཐུབ་ཀྱི་ཡོད། བལ་ཡུལ་ནང་གི་བཤེར་འབེབས་ལས་གཞི་འདི་ནི། ངེད་ཚོགས་པས་སྐད་རིགས་འདྲ་མིན་ནང་ཡོད་པའི་ནང་བསྟན་རིགས་གཞུང་ཉར་ཚགས་དང་སྲུང་སྐྱོབ་ཀྱི་ལས་ཀའི་ཆ་ཤས་ཅིག་ཡིན།

བལ་ཡུལ་གྱི་དཔེ་ཆ་ལག་བྲིས་མའི་དཔེ་མཚོན།

No Comments

Sorry, the comment form is closed at this time.