སྤྱི་ལོ་ ༢༠༢༢ ལོའི་མདུན་ལམ་གསར་པ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བུདྡྷ་དྲ་ཐོག་དཔེ་མཛོད།

༢༠༢༢ལོའི་ཟླ་༢ ཚེས་༡ ནས་བཟུང་། ང་ཚོའི་དྲ་ཐོག་དཔེ་མཛོད་རྙིང་པ་ tbrc.org སྤྱོད་མཚམས་བཞག་སྟེ། ང་ཚོའི་དཔེ་མཛོད་ཀྱི་དཔེ་ཆ་ལྟ་ཀློག་དང་། ཕབ་ལེན་སོགས་བྱ་ས་ནི་བུདྡྷ་དྲ་ཐོག་དཔེ་མཛོད་ library.bdrc.io འདི་སྤྱོད་རྒྱུ་ཡིན། བུདྡྷ་དྲ་ཐོག་དཔེ་མཛོད་ནི་བོད་ཡིག་གི་ནང་བསྟན་གསུང་རབ་ཙམ་མ་ཡིན་པར། ངེད་ཚོགས་པས་ལོ་མང་པོའི་རིང་འབད་བརྩོན་ལྷོད་མེད་དང་། ལག་རྩལ་གསར་བཏོད་བྱས་པ་བརྒྱུད། འཛམ་གླིང་གི་སྐད་ཡིག་སྣ་ཚོགས་ནང་ཡོད་པའི་ནང་བསྟན་གསུང་རབ་ཀྱི་དཔེ་ཆ་ཕོན་ཆེན་པོ་ཕྱོགས་གཅིག་ཏུ་སྤུངས་པའི་དཔེ་མཛོད་ཆེན་པོ་ཞིག་ཡིན།

བུདྡྷ་དྲ་ཐོག་དཔེ་མཛོད་འདི་ལས་བཤེར་པར་གྱི་དཔེ་ཆ་རྣམས་ལྟ་ཀློག་གི་མཐུན་རྐྱེན་དང་། ཡིག་ཆའི་ནང་གི་ཚིག་རིས་འཚོལ་བཤེར་ལ་ཡང་སྔར་ལས་ལྷག་པའི་ནུས་པ་ལྡན་པས། ངེད་ཚོགས་པས་བསྡུ་ཉར་བྱས་པ་དང་། ང་ཚོ་དང་འབྲེལ་ཡོད་དཔེ་མཛོད་ཁང་སོ་སོའི་ཡིག་ཆ་རྣམས་ཀྱང་རིན་དང་། བཀག་རྒྱ་མེད་པར་ཀློག་པ་པོ་རྣམས་ཀྱིས་རང་རང་གིས་ཐོས་བསམ་གྱི་ཡུལ་དུ་ལོངས་སུ་སྤྱོད་ཐུབ་པ་ཡིན། ང་ཚོའི་ཆ་རྐྱེན་དང་ནུས་པ་གསར་པ་མངའ་བའི་དྲ་ཐོག་དཔེ་མཛོད་གསར་སྐྲུན་བྱས་པ་འདི། ང་ཚོའི་ལོ་རྒྱུས་ཀྱི་མདུན་ལམ་གསར་པ་ཞིག་ལ་ངོས་འཛིན་བྱས་ཏེ་སྤྲོ་སེམས་ཀྱི་དགའ་བ་སྐྱེས་པ་དང་མཉམ་དུ། ང་ཚོའི་ཚོགས་པ་ཐོག་མར་དབུ་ཚུགས་སྐབས་ཀྱི་ཉམ་ཆུང་གི་གནས་སྟངས་འོག རིམ་གྱིས་འཕེལ་རྒྱས་ཀྱི་གོ་རིམ་ལ་ཕྱིར་མིག་ཅིག་བལྟས་ན།བསྒྲུབས་ཟིན་པའི་བྱ་བ་ཅི་ཡོད་ལ་སྤྱི་སྡོམ་དང་། མ་འོངས་པར་བསྒྲུབ་པར་བྱ་བ་གང་ཞིག་ཡོད་པ་དག་ལའང་སྔོན་དཔག་བྱེད་ཐུབ་པ་བྱུང་།

ཉེ་ཆར་འགན་འཛིན་ལྷན་ཚོགས་ལ་བུདྡྷ་དྲ་ཐོག་དཔེ་མཛོད་ངོ་སྤྲོད་བྱས་པའི་རྗེས་སུ། ལོན་ཌོན་དཔེ་མཛོད་ཁང་ཆེན་མོའི་བོད་རིག་པ་ཚན་ཁག་གི་འགན་འཛིན་"བྷུར་ཁར་ ཁྱེའི་ཟལ་"ནས་འཕྲིན་ཡིག་ཅིག་འབྱོར་བའི་ནང་བཤད་རྒྱུར།

"ངས་བུདྡྷ་དྲ་ཐོག་དཔེ་མཛོད་ཀྱི་འགྱུར་བ་གསར་པ་ལ་བལྟས་རྗེས། ང་རང་ཧང་སང་བྱུང་ཞེས་ཞུ་འདོད་བྱུང་། རྒྱུ་ཆ་མང་པོའི་ཁྲོད་དགོས་མཁོ་རྣམས་བསལ་འདེམས་ཀྱི་ནུས་པ་ལྡན་པར་བྱས་པས་མཚོན། བློ་ཡུལ་ལས་འདས་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཚང་བའི་དྲ་ཐོག་དཔེ་མཛོད་ཅིག་གྲུབ་འདུག །འདི་ནི་དངོས་གནས་བྱ་བ་རླབས་ཆེན་པོ་རེད།"

ང་ཚོའི་དྲ་ཐོག་དཔེ་མཛོད་ཀྱི་ལོ་རྒྱུས།

ང་ཚོས་ཆེས་ཐོག་མར་གཞི་གྲངས་མཛོད་ཅིག་ཡོད་པ་རེད། དེ་ནི་སྤྱི་ལོ་༡༩༩༩་ལོར་ཐོག་མར་དྲ་རྒྱའི་འཇོག་སྐབས། ང་ཚོའི་ཚོགས་པ་གསར་འཛུགས་བྱེད་པོ་འཇིན་སིམིདལགས་ལ་ལས་ཁུངས་ཙམ་ཡང་མེད་པར། རང་ཁྱིམ་གྱི་ལས་ཤག་ཏུ་བྱ་བ་སྒྲུབ་བཞིན་པའི་སྐབས་རེད།

དེ་དུས་ཀྱི་གཞི་གྲངས་མཛོད་འདི་ནི་ཧ་ཅང་སྟབས་བདེ་པོ་ཞིག་སྟེ། མཛད་པ་པོའི་མིང་དང་དཔེ་ཆའི་མཚན་བྱང་བསྔོགས་ཐུབ་པའི་མཉེན་ཆས་ཙམ་ཞིག་ཡིན་ན་ཡང། སྲོལ་རྒྱུན་དཔེ་མཛོད་ཀྱི་དཀར་ཆག་སྤེལ་ནུས་ཧ་ཅང་ཆེ་བས། ཀློག་མཁན་རྣམས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད། གང་ལགས་ཤེ་ན། དྲ་ཚིགས་འདིའི་ཐོག་ཝེ་ལི་བོད་ཡིག་འབྲི་ཐབས་སྤྱད་དེ་གཅིག་གྱུར་གཏགས་ཐབས་ལ་འབད་བརྩོན་བྱས་པ་མ་ཟད། དེའི་ནང་ཐ་ན་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་ལའང་མེད་པའི་ནང་པའི་བརྩམས་ཆོས་མང་པོ་ཡོད།

2001ལོར། tbrc.org བེད་སྤྱོད་བྱེད་མཁན་གྱིས་རྩོམ་པ་པོའི་མིང་དང་། དཔེ་ཆའི་མཚན་བྱང་། ཆོས་བརྒྱུད། བརྗོད་བྱ་བཅས་ལ་བརྟེན་ནས་གཞི་གྲངས་མཛོད་ལ་སྔོག་བཤེར་བྱས་ཆོག་པར་གྱུར། ལོ་འདི་དག་གི་རིང་ལ་ང་ཚོའི་དྲ་ཐོག་དཔེ་མཛོད་དེ་རྒྱུན་ཆད་མེད་པར་ལེགས་བཅོས་དང་རྒྱ་སྐྱེད་བཏང་ཡོད། 2006 ལོའི་ལོ་མཇུག་ཏུ་གཞི་གྲངས་མཛོད་རིམ་སྤར་བྱས་ཏེ་དཀར་ཆག་སྒྲིག་མཁན་མང་པོས་དུས་གཅིག་ལ་དཀར་ཆག་མཉམ་དུ་བཟོས་ཆོག་པར་གྱུར་ནས། འགན་འཛིན་"འཇིན་ལགས་"ཀྱིས་ངེད་ཚོགས་པའི་དཔེ་མཛོད་དོ་དམ་པའི་སྡེ་ཚན་གསར་དུ་ཚུགས་ཐུབ་པ་བྱུང་།

2001ལོའི་ཟླ་2པར་ང་ཚོའི་དྲ་ཚིགས་ཀྱི་རྣམ་པ།

2006 ལོར་ངེད་ཚོགས་པའི་དཔེ་མཛོད་དོ་དམ་པ་རྣམས་ཀྱི་ཤེས་ཡོན་དང་འབྱོན་ཐང་ལ་བརྟེན་ནས་ཚང་མས་དགའ་མོས་བྱེད་སའི་TBRC ཡི་དཀར་ཆག་རྣམས་གསར་བཟོ་བྱས།  དཀར་ཆག་དེ་དག་ནི་སེར་མོ་བ་དང་། ཞིབ་འཇུག་བྱེད་མཁན་རྣམས་ལ་མཚོན་ན་ཕན་ཐོག་ཧ་ཅང་ཆེ་བའི་མཐུན་རྐྱེན་གསར་པ་ཞིག་ཡིན་ལ། སྔར་དང་མི་འདྲ་བར། ཁོ་ཚོས་བརྗོད་བྱ་གཅིག་གི་ཆེད་དུ་གླེགས་བམ་ཧྲིལ་བོ་ཞིག་བསྔོགས་མི་དགོས་པར། རང་ལ་གང་དགོས་པའི་བརྗོད་བྱ་དེ་ཐད་ཀར་འཚོལ་ཐུབ་པར་གྱུར། ང་ཚོའི་དཔེ་མཛོད་དོ་དམ་པ་བསྐལ་བཟང་ལྷ་མོས་བཤད་པ་ལྟར། སྐབས་དེར་དཔེ་མཛོད་གཞན་ཕར་ཟད། ཐ་ན་ཨ་རིའི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཡང་དེ་འདྲ་བའི་དཀར་ཆག་ཞིབ་ཚགས་དང་ཚད་ལྡན་མེད་པ་ཡིན།

སྐབས་དེའི་གཞི་གྲངས་མཛོད་དེ་ལ་ཞིབ་ཚགས་གང་འཚམ་ལྡན་ན་ཡང་། དེ་དུས་བཤེར་པར་བྱས་པའི་ཡིག་ཆ་དང་། གཞི་གྲངས་མཛོད་ཀྱི་དཀར་ཆག་གཉིས་ཕན་ཚུན་མཐུད་སྦྱོར་བྱས་མེད་ལ། འཚོལ་བསྡུ་བྱས་པའི་ཡིག་ཆ་རྣམས་ཀྱང་ཆ་ཚང་བ་ཞིག་བཤེར་པར་དུ་བསྒྱུར་ཐུབ་མེད། བཤེར་འབེབས་བྱས་ཚར་བའི་ཡིག་ཆ་རྣམས་ཀློག་མཁན་གྱིས་ཐད་ཀར་ཀློག་མི་ཐུབ་པར། དཔེ་མཛོད་དོ་དམ་པར་ཟེར་སྡེར་གྱི་རིན་པ་བསྐུར་རྗེས། ཟེར་སྡེར་དུ་ཕབ་པ་ཡིག་ཟམ་བརྒྱུད་ནས་བསྐུར་དགོས་པ་ཡིན། སྐབས་དེའི་ང་ཚོའི་དཔེ་ཆ་ཀློག་མཁན་ཚོས་སྔར་གྱི་གནས་སྟངས་ལ་ཕྱིར་དྲན་བྱས་ན་སེམས་སུ་དྲོད་ལམ་ལམ་གྱི་ཚོར་སྣང་ཞིག་ཡོང་ངེས་ཡིན་ལ། ད་ལྟའི་སྟབས་བདེ་ཞིང་ནུས་པ་ཆེ་བའི་དྲ་ཐོག་དཔེ་མཛོད་མཐོང་ན་བཀའ་དྲིན་རབ་ཏུ་ཆེ་བའི་སྣང་བ་ཞིག་ཀྱང་འབྱུང་ངེས་ཡིན།

2008 ལོར་སྐབས་དེའི་དཀར་ཆག་རྣམས་བཤེར་པར་གྱི་ཡིག་ཆ་དང་མཐུད་སྦྱོར་བྱས་མེད་ལ། བཤེར་པར་ཀྱང་མང་པོ་མེད།

དེ་ནས་2010 ལོར་དྲ་རྒྱ་ལ་སྒྱུར་བཅོས་ཆེན་པོ་བྱས་ཏེ་བཤེར་པར་ཀློག་བྱེད་ཀྱི་མཐུན་རྐྱེན་གསར་དུ་བསྐྲུན་པ་དང་། གཞི་གྲངས་མཛོད་དེ་ཡང་དཀར་ཆག་ཙམ་གྱི་རྣམ་པ་ལ་འགྱུར་ལྡོག་བཏང་ནས། དྲ་ཐོག་དཔེ་མཛོད་དངོས་གནས་ཀྱི་ངོ་བོར་བསྒྱུར་ཅིང་། ཀློག་མཁན་གྱིས་དྲ་ཐོག་རང་ནས་དཀར་ཆག་དང་བཤེར་པར་མཉམ་དུ་བལྟ་ཀློག་ཐུབ་པའི་གོ་སྐབས་གཞི་ནས་བྱུང་། དེ་དང་ཆབས་ཅིག་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཀྱི་བོད་ཡིག་དེ་དྲ་རྒྱ་རུ་སྤྱོད་ཐུབ་པ་བཟོས་ཏེ། བརྗོད་བྱ་གང་རུང་འཚོལ་བཤེར་དང་། དཀར་ཆག་སོགས་ཆ་ཐམས་ཅད་ནས་བོད་ཡིག་རང་ལ་བརྟེན་ཐུབ་པ་བྱུང་ཡོད།

2015  ལོ་ནས་ངེད་ཚོགས་པའི་ལས་གཞི་རྒྱ་བསྐྱེད་དེ། TBRC བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཞེས་པའི་མིང་དེ། BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བསྒྱུར་ཅིང་། ནང་པའི་ཆོས་བརྒྱུད་ཚང་མ་དང་། སྐད་ཡིག་མང་པོའེ་ནང་དུ་ནང་བསྟན་གྱི་གསུང་རབ་ཐམས་ཅད་འཛོམས་པ་དང་། ངེད་ཚོགས་པའི་དཔེ་མཛོད་ཙམ་མ་ཟད།་དཔེ་མཛོད་གཞན་པའི་གསུང་རབ་རྣམས་ཀྱང་གཞི་གྲངས་ཆེན་པོའི་རྩིས་གཞི་ལ་བརྟེན་ནས་དུས་མཉམ་དུ་བལྟ་ཀློག་བྱ་ཐུབ་པའི་མཐུན་རྐྱེན་ཆ་ཚང་བ་ཞིག་འགྲུབ་པར་བྱེད་དགོས་ན། དྲ་རྒྱའི་ཤོང་ཚད་དང་།  ནུས་པ། མ་ལག་སོགས་ཆ་ཐམས་ཅད་ནས་གསར་བརྗེ་བྱེད་དགོས་པ་གསལ་རྟོགས་བྱུང་། ལོ་དེ་ནས་བཟུང་སྟེ། ཧོ་ཁྱིམ་ཚང་ཐེབས་རྩ་ཚོགས་པས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བུདྡྷ་དྲ་ཐོག་དཔེ་མཛོད་ཡར་རྒྱས་ཀྱི་ལས་གཞི་ཆད་མེད་དུ་བསྒྲུབས་དང་སྒྲུབ་མུས་སུ་མཆིས།།

2020 ལོའི་ང་ཚོའི་དྲ་ཐོག་དཔེ་མཛོད་ཀྱི་རྣམ་པ། 2022 ལོའི་ ཟླ་ 2 ཚེས་ 1 ཉིན་ tbrc.org དྲ་རྒྱ་རྙིང་པ་སྤྱོད་མཚམས་ཡོངས་སུ་བཞག་པ་ཡིན།

ང་ཚོའི་དཔེ་མཛོད་ཀྱི་ཐོན་རིམ་གསར་པའི་དྲ་རྒྱ་བུདྡྷ་དྲ་ཐོག་དཔེ་མཛོད་གསར་དུ་བསྐྲུན་ཏེ། རྒྱ་ཆེའི་ཀློག་མཁན་ཡོངས་ཀྱི་སྤྱན་ལམ་དུ་མངོན་པ་ནི་ང་ཚོ་ཚང་མ་དགའ་འོས་པ་ཞིག་ཡིན་ལ། ང་ཚོའི་ཐུན་མོང་གི་དཔེ་མཛོད་གསར་པ་འདིའི་ཁྱབ་ཁོངས་སུ། བོད་ཡིག་དང་། ལེགས་སྦྱར། རྒྱ་ཡིག པ་ལི། འབར་ཡིག ཁམ་བྷོ་ཌའི་ཡི་གེ། ནེ་ཝ་རི་སོགས་ཀྱི་ནང་བསྟན་གསུང་རབ་ཧ་ཅང་མང་པོ་ཞིག་རིན་འབབ་དང་། བཀག་རྒྱ་མེད་པར་ཚང་མས་ལོངས་སུ་སྤྱོད་ཆོག་པ་ཡིན། ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་དང་། སྤྱིར་བཏང་གི་ཉམས་ཞིབ་པ་སོགས་ནང་པའི་གསུང་རབ་ལ་དོན་གཉེར་བྱེད་མཁན་སུ་ཡིན་ཡང་། ང་ཚོའི་བུདྡྷ་དྲ་ཐོག་དཔེ་མཛོད་ལ་ཕེབས་དང་། འདི་ནས་ཁྱེད་ལ་དགོས་མཁོ་ཆེ་ཞིང་། རིན་ཐང་གཞལ་དུ་མེད་པའི་ནང་པའི་གསུང་རབ་ཀྱི་འཇིག་རྟེན་ཞིག་མཐོང་ངེས་ཡིན།།

གལ་ཏེ་ཁྱེད་ཀྱིས་ངེད་དྲ་ཐོག་དཔེ་མཛོད་ལ་ཐོ་འགོད་བྱས་མེད་ཚེ། ད་ལྟ་ཐོ་འགོད་བྱོས་དང་རིན་མེད་ཡིན།།

ཁྱེད་རང་ང་ཚོ་དང་མཉམ་དུ་ནང་བའི་གསུང་རབ་འཛིན་སྐྱོང་གི་བྱ་བར་ཞུགས་པ་ལ་ཐུགས་རྗེ་ཆེ་ཞུ།།

No Comments

Sorry, the comment form is closed at this time.