On the Formation and Characteristics of Traditional Tibetan Place Names. A post in Tibetan language only. By Chungdak Nangpa.
ནང་པ་ཆུང་བདག
Author: Unknown; Collector: Thomas Alexander Wise (1802-1889), Public domain, via Wikimedia Commons.
སྤྱིར་བོད་ཀྱི་ས་མིང་ལ་རིགས་མང་ཞིང་རྒྱ་ཆེ་ལ་ཞིབ་འཇུག་བྱེད་པར་ཡང་མ་མཐར་ས་ཁམས་རིག་པ་དང་། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ་སོགས་ཆེད་ལས་སྣ་ཚོགས་ཀྱི་རྣམ་བཤད་བྱེད་ཕྱོགས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་གོར་མ་ཆགས་མོད། འདིར་ཆེད་དུ་བརྗོད་བྱ་ནི་སྲོལ་རྒྱུན་གི་ས་མིང་ཡིན་ལ། དེ་ཡང་ལོ་རྒྱུས་ཡིག་ཚང་ནང་ནས་བྱུང་བ། ཁྱད་པར་དུ་གུས་པ་རང་གིས་༢༠༡༣ནས་བཟུང་ལོ་མང་རིང་བོད་ཀྱི་དཔེ་ཚོགས་ལྟེ་གནས་ཀྱི་ས་མིང་སྐོར་ལ་ལས་ཀ་བྱས་པ་དང་འབྲེལ་ནས་དཔེ་མཛོད་འདི་རང་གི་དྲ་རྒྱའི་ནང་ཐོ་འཁོད་ཟིན་པའི་ས་མིང་དག་དཔེ་མཚོན་དུ་བཞག་ནས་དེ་དག་གི་རྣམ་གཞག་དང་ཁྱད་ཆོས་སོགས་སྐོར་ཞུ་འཆར་ཡིན་ལགས།
དེ་ཡང་དཔེ་མཛོད་འདི་ཉིད་གསར་སྐྲུན་གནང་མཁན་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་མཆོག་༼E. Gene Smith (1936 – 2010) ༽ནས་སྤྱི་ལོ་༡༩༩༩ནས་བཟུང་འདི་ག་དཔེ་མཛོད་ཀྱི་དྲ་རྒྱའི་ནང་དུ་ལོ་རྒྱུས་རྣམ་ཐར་དང་། ཆོས་འབྱུང་གནས་ཡིག་སོགས་ལས་གལ་གནད་ཅན་གྱི་སྲོལ་རྒྱུན་ས་མིང་ཆེད་བཏུས་ཐོ་འགོད་དང་འབྲེལ་དེ་དག་སོ་སོའི་འབྱུང་ཁུངས་ཡིག་ཆའམ་འབྲེལ་ཡོད་ཡིག་ཆ། འབྲེལ་ཡོད་མི་སྣ་སོགས་ཆ་འཕྲིན་གང་མང་ཞིག་ཕན་ཚུན་སྣེ་སྦྲེལ་བཟོ་འགོ་བརྩམས་ཡོད་ཅིང་། དེ་སྟེང་སྤྱི་ལོ་༢༠༡༣་ནས་བཟུང་གུས་པར་ས་མིང་ཐོ་འགོད་རིགས་དབྱེ་ཁུངས་འཚོལ་དང་འབྲེལ་བོད་ཀྱི་ལོ་རྒྱུས་རིག་གནས་ས་ཁྲ་བཟོ་རོགས་སོགས་ལ་ཆེད་དུ་ལས་བགོས་གནང་བ་ནས་བཟུང་ད་དུང་གལ་ཆེའི་ས་མིང་མི་ཉུང་བ་ཞིག་གསར་དུ་ཐོ་བཀོད་དང་སྦྲགས་ཞིབ་དཔྱད་ཀྱི་མཆན་བུ་དང་གསལ་བཤད་ཀྱང་གནད་བསྡུས་རེ་ཞུས་ཡོད་པ་ལས། ད་བར་ཁྱོན་བསྡོམས་ས་མིང་ཁྲི་གཅིག་ལ་ཉེ་བ་ཞིག་ཐོ་བཀོད་ཟིན་ཡོད་ཅིང་། ༢༠༡༤ལོར་དེ་དག་ལ་རིགས་དབྱེ་དང་དེ་རྣམས་ཕན་ཚུན་གྱི་ས་ཁོངས་འབྲེལ་བ་སོགས་དྲ་སྦྲེལ་གྱི་གཞི་གྲངས་སམ་ས་མིང་གི་ཤེས་བྱའི་སྒྲོམ་གཞི་ལེགས་པར་སྒྲིག་ཡོད།
སྤྱིར་ས་མིང་ལ་རང་བྱུང་འཁོར་ཡུག་གི་ས་མིང་དང་། རྟེན་གཞི་ཡུལ་ལུང་གི་ས་མིང་། བརྟེན་པ་གནས་ཁང་གི་ས་མིང་། དེང་རབས་ས་གནས་ཀྱི་ས་མིང་བཅས་རིགས་ཆེན་བཞི་དང་། བྱེ་བྲག་ཏུ་རི་ཆུ་ཡུལ་ལུང་གནས་དགོན་སོགས་རིགས་ཆུང་༨༠ཙམ་དུ་དབྱེ་ཡོད་པའང་དེ་དག་རེ་བཞིན་གྱི་རྣམ་གཞག་དང་ཁྱད་ཆོས་སྐོར་ཞིབ་རྒྱས་ཤིག་ཡོད་ཟིན་མོད། རྩོམ་ཐུང་འདིར་ནི་དེང་རབས་ས་གནས་ས་མིང་དེ་རིགས་ཕུད་ནས། སྲོལ་རྒྱུན་ས་མིང་གཅིག་པུར་རིགས་ཆེན་གསུམ་དུ་དབྱེ་ནས་དེ་གསུམ་སོ་སོའི་ནང་ཚན་ནམ་ཐུན་མོང་མོང་མིན་པའི་རིགས་ཆུང་འགའ་ཞིག་དཔེ་མཚོན་དུ་ཆེད་འདོན་དཔྱད་བརྗོད་ཞུས་ན།
དང་པོ། རི་དང་ཆུ། ལ་དང་ཀླུང་། སྒང་དང་གཤོངས། རོང་དང་ཐང་། ཕུ་དང་མདའ་སོགས་རང་བྱུང་འཁོར་ཡུག་གི་ཕྱི་སྣོད་ཀྱི་བཀོད་པ་དང་འབྲེལ་ནས་བཤད་པ།
༡༽ རི་དང་ཆུ་གཉིས་ནི་འདོད་རྒྱལ་གྱི་ཐ་སྙད་ཡིན་ངེས་ལས། བོད་ཀྱི་ས་མིང་གི་རིགས་ལས་གལ་གནད་ཆེ་ཤོས་གཉིས་ཏེ། གང་ཞིག་ཡིག་ཚང་དག་ལས་ཀྱང་"གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ། ས་གཙང་། ཡུལ་བཟང་། མྱི་མཛངས་ཤིང་དཔའ་རུ་སྐྱེས། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས།"ཞེས་གསལ་བ་ལྟར། འཛམ་བུའི་གླིང་སྤྱིར་མཐོང་བར་དཀོན་པའི་སྲིད་པའི་གངས་རི་མཐོན་པོ་གྲངས་མེད་ཀྱིས་མཐའ་ནས་སྐོར་ཞིང་། གླིང་ཆེན་ཨེ་ཤེ་ཡའི་ཆུ་བོ་ཆེན་པོ་ཕལ་ཆེར་གྱི་ཆུ་མགོ་ཡིན་པ་ནི་ཆེད་དམིགས་བསལ་ཞིག་ཡིན་ཏེ།
དེ་དག་ལས་ཀྱང་སྲིད་པའི་ལྷ་ཆེན་དགུས་གཙོས་རི་བོ་རི་རྒྱུད་དང་བཅས་པ་དང་། ཡར་ཆབ་གཙང་པོས་གཙོས་རྨ་འབྲི་སོགས་རྒྱུགས་པའི་ཆུ་མོ་དང་། མ་ཕམ་གཡུ་མཚོས་གཙོས་ཡར་འབྲོག་ཁྲི་ཤོར་རྒྱལ་མོ་སོགས་འཁྱིལ་བའི་མཚོ་མོ་སྟོང་ཕྲག་གིས་བརྒྱན་པའི་ཡུལ་ཆེན་ཞིག་ཡིན་པའང་གོ་ལ་ཧྲིལ་པོར་རང་བྱུང་འཁོར་ཡུག་གི་ཁྱད་ཆོས་མངོན་པར་གསལ་བའི་ཡུལ་གྲུ་ཆེན་པོ་ཞིག་ཡིན་པའང་རི་ཆུའི་ས་མིང་དང་འབྲེལ་བའི་རིག་གནས་འདི་ལས་དཔོག་ནུས་པ་ཞིག་ཆགས་ཡོད།
དེ་ཡང་རི་བོ་ཆེན་པོ་རྣམས་ལྷ་ཡི་རྟེན་མཁར་དུ་ཆགས་ནས་མཆོད་བསྟོད་ཀྱི་ཡུལ་ལམ་མི་སེམས་ཀྱི་གཏད་སར་གྱུར་པ་ནི་བོད་ཀྱི་རིག་གནས་ཀྱི་བླ་སྲོག་ཏུ་གྱུར་ཡོད་པ་ལ་ངོས་འཛིན་གསལ་པོ་ཡོད་དགོས་པའང་། རི་ཡི་རྒྱལ་པོ་གངས་དཀར་ཏི་སི། ཚེ་རིང་མཆེད་ལྔ། ཡབ་ལྷ་བརྡལ་དྲུག སྲིད་པའི་ལྷ་དགུ། བརྟན་མ་བཅུ་གཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག མདོ་ཁམས་ཀྱི་ཟོ་དོར་བཅོ་བརྒྱད་སོགས་ལོ་རྒྱུས་ཡིག་ཚང་དང་འབྲེལ་ནས་བསྡུར་ཞིབ་ཞུས་པ་འོག་གི་རིའུ་མིག་ལས་གསལ་ཁ་རྙེད་ཐུབ་སྙམ།
དེན་བཞིན་ཆུ་བོ་ཆེན་པོ་རྣམས་ཀྱང་རིགས་ཀྱི་མ་ཡུམ་མམ་སྲིད་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་པ་ལས། རྒྱུགས་པའི་གཙང་ཆུ་དང་འཁྱིལ་བའི་མཚོ་མོ་གཉིས་ལས་གྲགས་ཆེ་བ་འགའ་ཞིག་དཔེ་མཚོན་དུ་དྲངས་ན་གཤམ་གསལ་ལྟར།
BDR | ས་མིང་། | གནས་ཡུལ། |
---|---|---|
G3247 | གངས་ཏི་སེ། | སྤུ་ཧྲེང་རྫོང་། |
G3100 | ཇོ་མོ་གླང་མ། | དིང་རི་རྫོང་། |
G1323 | གནོད་སྦྱིན་གང་བཟང་། | རྒྱལ་རྩེ་རྫོང་། |
G2GS1065 | ཡར་ལྷ་ཤམ་བུ། | སྣེ་གདོང་རྫོང་། |
G3419 | གཉན་ཆེན་ཐང་ལྷ། | འདམ་གཞུང་རྫོང་། |
G3214 | ཨ་མྱེས་རྨ་ཆེན། | རྨ་ཆེན་རྫོང་། |
G1703 | གཉན་པོ་གཡུ་རྩེ། | རྨ་ཆུ་རྫོང་། |
G3614 | རོང་བཙན་ཁ་བ་དཀར་པོ། | བདེ་ཆེན་རྫོང་། |
G1232 | འབོ་གངས་དཀར་རི་བོ། | དར་མདོ་རྫོང་། |
དེན་བཞིན་ཆུ་བོ་ཆེན་པོ་རྣམས་ཀྱང་རིགས་ཀྱི་མ་ཡུམ་མམ་སྲིད་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་པ་ལས། རྒྱུགས་པའི་གཙང་ཆུ་དང་འཁྱིལ་བའི་མཚོ་མོ་གཉིས་ལས་གྲགས་ཆེ་བ་འགའ་ཞིག་དཔེ་མཚོན་དུ་དྲངས་ན་གཤམ་གསལ་ལྟར།
༢༽ ལ་དང་ཀླུང་།
ལ་དང་ཀླུང་གཉིས་ནི་རི་ཆུས་བཅད་པ་ལས་ལས་བྱུང་བའི་རང་བྱུང་གི་ས་མིང་རིགས་གཉིས་ཡིན་ཏེ། དེ་ཡང་རི་ཆུ་མང་བའི་བོད་ཡུལ་འདིར་ལ་ཀླུང་མང་བ་ནི་ས་ཁམས་ཀྱི་དོན་དངོས་སུ་གྲུབ་ལ། དེ་ཡང་རི་བོ་རྣམས་ཀྱང་རི་ཕྲེང་ངམ་རི་རྒྱུད་དུ་ཆགས་ནས་ཡོད་པ་ལ་རི་རྒྱུད་ཆེ་ཆུང་སྣ་ཚོགས་དབར་ཕན་ཚུན་བརྒལ་སའི་ལ་མོ་གྲགས་ཆེ་ཆུང་དུ་མ་ཡོད་ལ། ཁྱད་པར་དེ་འདྲའི་རི་རྒྱུད་འགངས་ཆེན་དཔེར་ན་གདང་ལ་དང་མདོ་ལ་ལྟ་བུ་འགར་ཡང་ལ་རིང་གི་ཐ་སྙད་སྦྱར་ཡོད་དེ། འདི་ལྟའི་རི་རྒྱུད་དམ་ལ་རིང་གིས་བོད་ཡུལ་འདི་ཀུན་ཡོངས་སུ་སྐོར་ནས་ཡོད་པའང་བོད་ཀྱི་ས་ཁམས་ཀྱི་གཞི་སྒྲོམ་ལྟ་བུར་གྱུར་ཡོད་པ། འོག་ཏུ་རིའུ་མིག་ནང་དཔེ་མཚོན་གཙོ་བོ་འགའ་ཞིག་ཞུས་ན་འདི་ལྟ་སྟེ།
BDR | ས་མིང་། | གནས་ཡུལ། |
---|---|---|
G3CN233 | ཡར་ཀླུང་གཙང་པོ། | དབུས་གཙང་། |
G1960 | རྨ་ཆུ། | ཨ་མདོ། |
G1959 | འབྲི་ཆུ། | ཁམས། |
G3369 | སྐྱིད་ཆུ། | ལྷ་ས། |
G2857 | རྒྱལ་མོ་དངུལ་ཆུ། | ཁམས། |
G3282 | རྫ་ཆུ། | ཁམས། |
G3248 | མཚོ་མ་ཕམ། | སྤུ་ཧྲེང་རྫོང་། |
G4635 | ལྷ་མོའི་བླ་མཚོ། | རྒྱ་ཚ་རྫོང་། |
G2DB25462 | ཁྲི་གཤོག་རྒྱལ་མོ། | ཨ་མདོ། |
BDR | ས་མིང་། | གནས་ཡུལ། |
---|---|---|
གམ་པ་ལ། | སྣ་དཀར་རྩེ་རྫོང་། | |
G1423 | ཁ་རུ་ལ། | སྣ་དཀར་རྩེ་རྫོང་། |
G3068 | དགོད་དཀར་ལ། | སྟག་རྩེ་རྫོང་། |
G2430 | ཀོང་པོ་འབྲུ་ལ། | ཉིང་ཁྲི་ས་ཁུལ། |
G3CN232 | ཧི་མ་ལཱ་ཡ། | བལ་བོད་མཚམས་སོཊ། |
G4642 | གདང་ལ། | ནག་ཆུ་ཁུལ། |
G3CN400 | མདོ་ལ། | ཨ་མདོ། |
G3CN399 | ཁུ་ནུ་ལ། | མངའ་རིས་སོཊ་ཀྱི་ནུབ་བྱང་རྒྱུད། |
G1502 | བ་ཡན་ཧ་ལ། | མགོ་ལོག་ཁུལ། |
གཞན་ཆུ་བོ་ཆེ་ཆུང་སྣ་ཚོགས་པ་རྣམས་རྒྱུ་བའི་གནས་གང་སར་ཀླུང་ངམ་ལུང་ཤུར་རིང་ཐུང་ཆེ་ཆུང་སྣ་ཚོགས་ཤིག་ཆགས་ནས་ཡོད་དེ། དེ་ཡང་འདིར་ཀླུང་དང་ལུང་ཞེས་པའི་ཐ་སྙད་འདི་གཉིས་ཀྱང་རྩ་བ་གཅིག་ཡིན་པའི་ལྟ་ཚུལ་ཞིག་འདོན་རྒྱུ་ལ། དེ་ལྟར་གྲུབ་ན་ཆུ་བོ་རྣམས་བབས་སའི་ཀླུང་དེ་རྣམས་ལ་ལུང་པ་ཆགས་ཡོད་པས་"ཀླུང་"དང་"ལུང་"དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་མངོན་གསལ་ཡིན་ལ། ཞིབ་ཏུ་ཕྱོགས་གསུམ་ཙམ་ཞིག་ནས་ཞུས་ན།
དང་པོ། སྐད་བརྡ་རིག་པའི་སྤྱི་འགྲོས་ལྟར་ན་གདངས་དང་ཡི་གེ་གཉིས་ལས་གདངས་གཙོ་བོ་ཡིན་ལ། ཁྱད་པར་བོད་ཡིག་ནི་ཕྱིས་བྱུང་གི་སྒྲ་སྦྱོར་གྱི་ཡི་གེ་ཡིན་པས་བོད་སྐད་ནི་བོད་ཡིག་ལས་ཉམས་ཞིབ་ཀྱི་ཁུངས་བཙན་པ་ཞིག་ལོས་ཡིན། དེས་ན་བོད་ཡུལ་དབུས་ཡར་ལུང་ཕྱོགས་གཙོར་འཛིན་ནས་ཡུལ་སྐད་དངོས་ནས་བརྟག་རྒྱུ་གཏན་ཚིག་གི་དང་པོ་ཏེ། སྤྱིར་བོད་སྐད་ཕལ་ཆེར་གྱི་ནང་ལུང་ལུངས་ཀླུང་ཀླུངས་བཞི་ཀ་སྒྲ་གདངས་མཐོ་དམན་ཙམ་ལས་སྐྱེ་གནས་གཅིག་ལས་ཐོན་པའི་སྒྲ་ཡིན་ཅིང་། ཁྱད་པར་དེང་སང་ཡང་ཡར་ཀླུང་གཙོས་ལྷོ་ཁ་ཕྱོགས་ཀྱི་ཡུལ་སྐད་ནང་"གང་ཡང་མང་"སོགས་སྒྲ་གདངས་མཐོ་བར་འདོན་པས་ལུང་(ལུངས་)ཞེས་པ་ལ་ཡང་ཀླུང་(ཀླུངས་)ཀྱི་སྒྲ་ཐོན་བཞིན་ཡོད་འདུག
གཉིས་པ། ཡིག་ཚང་རིག་པའི་འགྲོས་ལྟར་ལུང་དང་། ཀླུང་། སླུང་། ཁྱད་མེད་དུ་བྲིས་ཡོད་པ་ཡིག་རྙིང་གི་ར་སྤྲོད་ཡང་བྱེད་ཐུབ་ཀྱི་ཡོད་དེ། འོན་གྱི་ཀེ་རུ་ལྷ་ཁང་གི་དཔེ་རྙིང་ཁྲོད་དུ་"འོལ་མོ་ལུང་རིང་"དང་"འོལ་མོ་ཀླུང་རིང་"ངམ་"འོན་མོ་སླུང་རིས་"ཞེས་"ལུང་"དང་"ཀླུང་""སླུང་"གསུམ་ཀ་བྲིས་ཡོད་པ་གསལ་བ་སོགས་ལས་ཤེས།@ དེར་བཞུགས་དཔེ་རྙིང་སྤྱན་ཁྱེར་དུ་ཨ། ཕ། སུམ་བརྒྱ། ཞེ་གསུམ་བཞུགས་སོ་ཨ་ཞེས་པའི་ནང་གསལ་བའི་མཆན་ཡོད། W8LS76080-6p ལྷོ་ཁའི་འོན་མོ་ཀླུང་རིང་གི་ཡུལ་བཤད་ལས་འཕྲོས་ཏེ་བོན་དང་བོད་ཀྱི་བཙན་པོའི་འབྱུང་ཁུངས་སྐོར་གླེང་བ། རྩོམ་པ་པོ་སྤེན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020.12
གསུམ་པ། ཚིག་རྩ་དང་འཕྲོས་ཚིག་བར་གྱི་འབྲེལ་བ་སོགས་ནས་བརྟག་ན། ཚིག་མཛོད་ཕལ་ཆེར་ནང་དེ་སྐོར་ཁ་གསལ་ཞིག་འཁོད་པ་མ་རྙེད་མོད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་"ཀླུང་"ནི་གཙོ་བོ་ལུང་གཞུང་དུ་འགྲེལ་འདུག་པ་ཡང་ཚིག་རྩ་ཆགས་ཀྱི་འདུག་ལ། གཞན་དོན་ཉུང་མཐར་གསུམ་ཙམ་ཞིག་ལ་འཇུག་གྱི་འདུག་པ་འཕྲོས་ཚིག་ཏུ་འདུག དེ་སྐོར་རང་ངོས་ཀྱི་དཔེ་མཚོན་འགའ་ཞིག་ཀྱང་ཞོར་དུ་ཞུས་ན། "རི་རྒྱ་ཀླུང་རྒྱ་བསྡམས་པ་"@བོད་ཀྱི་སྔ་རབས་ཁྲིམས་སྲོལ་བཅའ་ཡིག་ནང་དུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཁྲིམས་ལས་"ཁྱི་ར་བ་རྣམས་ཀྱིས་ཀླུང་གི་རི་དྭགས་མ་དྲོན་"ཞེས་གསལ་བ་ལས་ཀྱང་ཆུ་ཀླུང་གཅིག་པུ་ལ་མི་གོ་བ་ཤེས་ནུས། ཞེས་པའི་ཀླུང་ནི་ལུང་ཤུར་ཆེན་པོ་ཞིག་གི་གཙང་པོ་གཡས་གཡོན་ནས་རི་གཤམ་བར་གྱི་གྲམ་སྟོང་ངམ་གཤོང་ས་ཤིག་ལ་གོ་ལ། ཡང་བཀའ་བསྟན་སོགས་ཀྱི་ནང་ལ་ནི་"གང་གའི་ཀླུང་གི་བྱེ་མ་སྙེད་"ཅེས་པ་ལྟ་བུ་ཆུ་བོ་ཆེན་པོ་རང་ལ་གོ་བ་ཡོད་ལ། དེ་བཞིན་ནགས་ཀླུང་ལྟ་བུ་སྙན་ངག་གི་ཚིག་སྦྱོར་དང་། གཞན་ཡང་ཀློང་དང་དོན་གཅིག་པའི་ནམ་མཁར་གོ་བ་སོགས་འདུག་དེ། @ནམ་མཁའི་ནོར་བུས་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ནང"ཀླུང་"ནི་ཆུ་ཀླུང་དང་ནགས་ཀླུང་ལ་གོ་བ་ཕུད་ད་དུང་ནམ་མཁའ་ལ་ཡང་གོ་བ་འཁོད། "ཀླུང་"གི་འཇུག་ཚུལ་འགྱུར་བ་མང་བའི་གནས་ཚུལ་འདི་ལསའདི་དག་ནི་འཕྲོས་ཚིག་ཡིན་པ་ཤེས་ཏེ། འདི་ཚོའི་ཚིག་རྩ་གང་ཡིན་རྩད་དགོས་པ་གནད་ཡིན་ཏེ། དེ་ཡང་ཡི་གེ་མེད་པའི་སྔ་རོལ་གྱི་གདོད་མའི་བོད་སྐད་དེ་དེང་སང་གི་ཡུལ་སྐད་འདི་དག་རང་དང་འབྲེལ་ཆེ་ཤོས་ཡིན་པས་དེ་ཡང་"ཀླུང་"གི་ཚིག་རྩ་"ལུང་"ལས་ཡར་འདེད་ས་ཞིག་ད་བར་མ་རྙེད་ལགས།
ཇི་ལྟར་སྔོན་བྱོན་མཁས་དབང་ཚོས་བཙན་བཙད་ཡིག་རྩ་གཅིག་ཏུ་གཟིགས་པ་དང་། ཕྱི་རབས་པས་ཀྱང་རྩང་གཙང་ས་མིང་ཁྱད་མེད་དུ་འཇུག་པ་སོགས་ཡོངས་གྲགས་ལྟར། འདིར་ལུང་ཀླུང་གཉིས་ཀྱང་ཚིག་རྩ་གཅིག་པ་ཡིན་པའི་གནད་འདི་གྲོལ་ན། ཡུལ་ཡར་ཀླུང་(ཀླུངས་)དང་ཡར་ལུང་། ཆུ་བོ་ཡར་ལུང་གཙང་པོ་དང་ཡར་ཀླུང་(ཀླུངས་)གཙང་པོ་སོགས་ཀུན་ཀྱང་བྲི་སྟངས་དག་ཆ་མི་འདྲ་བ་ལས་དོན་གཅིག་ལ་གནས་པ་ཤེས་པས་ས་མིང་རྩད་ཞིབ་ནས་གཙོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་གཅིག་ཤེས་ཀུན་གྲོལ་གྱི་ལམ་བུ་ཞིག་རྙེད་པ་ཡིན་ཏེ། དཔེར་ན་ཡར་ལུང་གཙང་པོ་ཞེས་པའི་མིང་འདོགས་མཁན་ནི་བཙན་པོ་སྲོང་བཙན་ཡིན་ལ། ཆབ་སྲིད་ཞེས་པའི་ཚིག་གི་འབྱུང་ཁུངས་ཀྱང་སྲོང་བཙན་གྱི་མགུར་ལ་འབྲེལ་བ་སོགས་ཉམས་ཞིབ་ཀྱི་སྒོ་མོ་མང་པོ་འབྱེད་ཐུབ་སྙམ་པ་ལགས། @དེ་སྐོར་ཏུན་ཧོང་གི་གཏེར་ཡིག་ལུང་དྲངས་ནས་རིའུ་མིག་དང་འབྲེལ་ནས་ཟུར་དུ་ཞུ་རྒྱུ།༽
BDR | ས་མིང་། | གནས་ཡུལ། |
---|---|---|
G1145 | ཡར་ཀླུང་། | སྣེ་གདོང་རྫོང་། |
འོལ་མོ་ཀླུངས་རིང་། | སྣེ་གདོང་རྫོང་། | |
G928 | ཀླུང་ཤོད། | མལ་གྲོ་གུང་དཀར་རྫོང་སོགས། |
G851 | ཚ་བའི་ཀླུང་སྒང་རིང་མོ། | ཁམས་ཁུལ། |
G2CN11047 | ཁྱུང་ལུང་། | རྫོང་། |
G4240 | སྟག་ལུང་། | ལྷུན་གྲུབ་རྫོང་། |
G1344 | སྟོད་ལུང་། | སྟོད་ལུང་བདེ་ཆེན་རྫོང་། |
G44 | ར་ལུང་། | རྒྱལ་རྩེ་རྫོང་། |
G564 | ལྕགས་ལུང་། | དཔལ་མགོན་རྫོང་། |
(G184) | སླེ་ལུང་། | སྣེ་གདོང་རྫོང་། |
(G353) | སྐྱིད་ལུང་། | རོང་བྲག་རྫོང་། |
G1523 | འབའ་ལུང་། | ཁམས་འབའ་ལུང་རྫོང་། |
G2757 | འབའ་ལུང་། | ཨ་མདོ་གད་པ་སུམ་མདོ་རྫོང་། |
༣༽ རོང་དང་ཐང་གཉིས་ཀྱང་རི་ཆུས་བཅད་པ་ལས་བྱུང་བའི་དམིགས་བསལ་གྱི་ས་ཁམས་རིགས་མི་འདྲ་གཉིས་ཡིན་ཏེ། དེ་ཡང་རི་རྒྱུད་འགག་དོག་པོའི་དབར་ཆུ་བོ་བབས་ས་རྣམས་ལ་རོང་ཆགས་ཡོད་ཅིང་། རི་རྒྱུད་གཉིས་དབར་གུ་ཡངས་ཤིང་ཁོད་སྙོམ་ཙམ་དུ་གནས་པའི་ས་ཁམས་རྣམས་ལ་ཐང་གི་ཐ་སྙད་སྦྱར་ཡོད་དེ། ཞིབ་ཏུ་གཤམ་གྱི་རིའུ་མིག་ནང་དཔེ་མཚོན་འགའ་དྲངས་ནས་དཔྱད་བརྗོད་ཞུས་ན།
BDR | ས་མིང་། | གནས་ཡུལ། |
---|---|---|
G562 | སྐྱིད་རོང་། | སྐྱིད་གྲོང་རྫོང་། |
G1036 | གཙང་རོང་། | རིན་སྤུངས་རྫོང་། |
G1362 | བྱར་རོང་། | ལྷུན་རྩེ་རྫོང་། |
G840 | ཨོ་རོང་། | ཉིང་ཁྲི་རྫོང་། |
G1365 | ཉག་རོང་། | ཉག་རོང་རྫོང་། |
G1272 | རྒྱལ་རོང་། | རྔ་བ་ཁུལ། |
G1371 | དགུ་རོང་། | གཅན་ཚ་རྫོང་། |
G3CN36 | རོང་ཆེན་བཞི། | སྤྱིར་བོད་ཡུལ་ཕྱོགས་བཞི་དང་ཁྱད་པར་ཤར་ལྷོ་གཉིས་སུ་མང་། |
རོང་ཆེན་བཅོ་བརྒྱད། | མདོ་ཁམས། |
BDR | ས་མིང་། | གནས་ཡུལ། |
---|---|---|
(G1338) | གུང་ཐང་། | སྐྱིད་གྲོང་རྫོང་། |
(G1KR1648) | དཔལ་ཐང་། | གཉའ་ལམ་རྫོང་། |
(G225) | སྣར་ཐང་། | གཞིས་ཀ་རྩེ། |
G560 | རྩེད་ཐང་། | སྣེ་གདོང་ཁུལ། |
G1477 | སྙེ་ཐང་། | ཆུ་ཤུར་རྫོང་། |
G3CN483 | འོ་ཐང་། | ལྷ་ས། |
(G4716) | བུམ་ཐང་། | འབྲུག་ཡུལ། |
G3189 | བྱང་ཐང་། | ནག་ཆུ་ཁུལ་སོགས། |
G2305 | འབའ་ཐང་། | འབའ་ཐང་རྫོང་། |
G2304 | ལི་ཐང་། | ལི་ཐང་རྫོང་། |
G684 | རྒྱལ་ཐང་། | རྒྱལ་ཐང་རྫོང་། |
G3765 | གསེར་ཐང་། | གསེར་ཐང་རྫོང་། |
G2336 | འཛམ་ཐང་། | འཛམ་ཐང་རྫོང་། |
(G4560) | དམར་ཐང་། | དམར་ཐང་རྫོང་།(རྔ་བ་ཁུལ།) |
G2318 | རྩི་གོར་ཐང་། | རྩི་གོར་ཐང་རྫོང་།(མཚོ་ལྷོ་ཁུལ།) |
G1202 | གཡེར་མོ་ཐང་། | ཨ་མདོ། |
(G170) | མཆོད་རྟེན་ཐང་། | དཔའ་རིས་རྫོང་། |
༤༽ ཕུ་དང་མདའ་གཉིས་ནི་ལུང་ཆུང་གཅིག་ནང་གི་མདོ་སྦུག་གཉིས་སུ་དབྱེ་བའི་ཐ་སྙད་དེ། ཕུ་སྦུག་དོན་གཅིག་ལ། མདའ་མདོ་གཉིས་ཀྱང་གཅིག་ཏེ།
ཕུ་མིང་ཅན་གྱི་ས་མིང་ནང་ད་དུང་ཕུག་མིང་ཅན་དང་། ཁོག་མིང་ཅན། ནང་མིང་ཅན་ཡང་དོན་གཅིག་གམ་ཆ་འདྲ་བར་འཇུག་པ་མཐོང་ཐུབ་སྟེ།
ཞིབ་ཏུ་དཔེ་མཚོན་གྱི་རིའུ་མིག་ལ་གཟིགས་ན།
BDR | ས་མིང་། | གནས་ཡུལ། |
---|---|---|
G3528 | མཆིམས་ཕུ། | གྲྭ་ནང་རྫོང་། |
G1122 | སྣ་ཕུ། | རྒྱལ་རྩེ་རྫོང་། |
G1381 | གསེར་ཕུ། | རྒྱལ་རྩེ་རྫོང་། |
G3310 | གནས་ཕུ། | ཆུ་ཤུར་རྫོང་། |
G1303 | ཟུར་ཕུ། | གྲ་ནང་རྫོང་། |
༼G33༽ | མཚུར་ཕུ། | སྟོད་ལུང་བདེ་ཆེན་རྫོང་། |
༼G279༽ | ཁྲོ་ཕུ། | ས་སྐྱ་རྫོང་། |
༼G226༽ | གསང་ཕུ། | སྟོད་ལུང་བདེ་ཆེན་རྫོང་། |
༼G405༽ | སྟག་ཕུ། | མལ་གྲོ་གུང་དཀར་རྫོང་། |
༼G2713༽ | གནམ་ཕུ། | ཡུལ་ཤུལ་རྫོང་། |
G1KR795 | སྔོ་ཕུ། | བདེ་ཆེན་རྫོང་། |
BDR | ས་མིང་། | གནས་ཡུལ། |
---|---|---|
G2087 | འོན་མདའ། | སྣེ་གདོང་རྫོང་། |
G3462 | ཞོགས་མདའ། | སྟག་རྩེ་རྫོང་། |
G2125) | རྒྱ་མདའ། | རྒྱ་མདའ་རྫོང་། |
G2376༽ | འཇོ་མདའ། | འཇོ་མདའ་རྫོང་། |
G2184 | མཛོ་མདའ། | མཛོ་མདའ་རྫོང་། |
G2838 | འབའ་མདའ་ | འཛམ་ཐང་རྫོང་། |
G1806༽ | རྡི་མདའ། | པདྨ་རྫོང་། |
G1241 | སྙེ་མདོ། | གྲྭ་ནང་རྫོང་། |
G2947 | ཆུ་མདོ། | སྤོ་བོ་རྫོང་། |
G576 | ཆབ་མདོ། | ཆབ་མདོ་རྫོང་། |
G2308༽ | དར་མདོ། | དར་མདོ་རྫོང་། |
G869 | སྐྱེ་རྒུ་མདོ། | ཁམས་སྟོད། |
G2659 | གནས་མདོ། | རྫ་སྟོད་རྫོང་། |
G1074 | ཀ་མདོ། | ཨ་མདོ། |
G2780 | བྱ་མདོ། | མང་ར་རྫོང་། |
G2993 | སྲང་མདོ། | རྐང་ཚ་རྫོང་། |
G4854༽ | ངས་མདོ། | ཅོ་ནེ་རྫོང་། |
དེ་ལྟར་གོང་གསལ་བོད་ཀྱི་རང་བྱུང་འཁོར་ཡུག་གི་ས་མིང་གཙོ་བོ་འདི་རྣམས་སྤྱི་ཁྱབ་གྱི་ཕྱོགས་སྡོམ་ཞིག་ཞུས་ན། གངས་རིའི་རྭ་བས་མཐའ་བཞི་སྐོར། །རི་རྒྱུད་ཆུ་རྒྱུད་ཤར་ནུབ་འབྲེལ། །ལ་ལུང་ཕུ་མདས་དབུས་གཙང་གང་། །རོང་ཆེན་ཐང་ཆེན་མདོ་ཁམས་ཁྱབ། །ཞེས་པ་ཞིག་ཀྱང་བབས་སོ།།
Sorry, the comment form is closed at this time.